མདོ་སྨད་རོང་ཕྱོགས་ཀྱི་དམངས་གླུ་གཞས་ཚིག

༡.གླུ་མགོ་རྩོམ་པའི་སྐོར།

(1) སྟོད་དབུས་གཙང་ཡུལ་ལ་ཆོས་ཤིག་དར། །ཆོས་མ་དར་གོང་ལ་དུང་ཞིག་དར། །  དུང་དཀར་པོ་ཆོས་ཀྱི་སྣ་འདྲེན་རེད། ། སྨད་རྒྱ་ནག་ཡུལ་ལ་བཟོ་རིག་དར། །

བཟོ་མ་དར་གོང་ལ་རིག་གནས་དར། ། རིག་གནས་བཟོ་ཡི་སྣ་འདྲེན་རེད། །   སྐུ་རྒྱལ་བོད་ལ་གླུ་ཞིག་དར། །གླུ་མ་དར་གོང་ལ་ཆང་ཞིག་དར། །ཆང་བདུད་རྩི་གླུ་ཡི་སྣ་འདྲེན་རེད། །

(2) སྒོ་གོང་མ་དམ་པའི་ཆོས་ཀྱི་སྒོ། ། དམ་པའི་ཆོས་སྒོ་སྤོས་ཀྱིས་འབྱེད། །ཆོས་ཆད་ལྷག་མེད་པའི་སྨོན་ལམ་འདེབས། ། སྒོ་བར་མ་གཡང་དྲུང་བོན་གྱི་སྒོ། །   གཡང་དྲུང་བོན་སྒོ་གསེར་གྱིས་འབྱེད། ། ཚེ་བར་ཆད་མེད་པའི་སྨོན་ལམ་འདེབས། ། སྒོ་ཞོལ་མ་སྨུག་པོ་གཉེན་གྱི་སྒོ། ། སྨུག་པོ་གཉེན་སྒོ་གླུ་ཡིས་འབྱེད། ། ཁྱིམ་བདེ་སྐྱིད་འཇོམས་པའི་སྨོན་ལམ་འདེབས། །

 

༢.བསྟོད་གླུའི་སྐོར།

(1)ཤར་ནོར་བུ་རི་ཡི་རྩེ་མོ་ནས། ། སེར་ལམ་མེ་ཉི་མ་སེར་བོ་ཤར། །   འབྲུ་སྣ་ལྔ་ལོ་ཏོག་བཅུད་ཀྱིས་གསོས། །དགུང་ཉི་མའི་བཀའ་དྲིན་གླུ་ཡིས་བསྟོད། །

ཤར་ནོར་བུ་རི་ཡི་རི་སྐེད་ན། །དཀར་གསལ་ལེ་ཟླ་བ་དཀར་བོ་ཤར། །གླིང་ཕྱོགས་བཞི་མུན་པ་མཐའ་ནས་སངས། །དུང་ཟླ་བའི་བཀའ་དྲིན་གླུ་ཡིས་བསྟོད། །

(2དསྟོད་དབུས་གཙང་བཀའ་འགྱུར་བསྟན་འགྱུར་རེད། །ཕྱི་མ་གླེགས་ཤིང་དམར་བོ་རེད། ། ནང་ཀ་ཁ་བསམ་པའི་དོན་འགྲུབ་རེད། ། དོན་ཡང་ཡང་འགྲུབ་པའི་གླུ་ཞིག་ལེན། །

སྨད་རྒྱ་ནག་རྒྱ་མཁར་གྲུ་བཞི་རེད། ། ཕྱི་མ་གཡུ་ཐོག་སྔོན་པོ་རེད། །ནང་དཔོན་ཕྲུག་བསམ་པའི་དོན་འགྲུབ་རེད། ། དོན་ཡང་ཡང་འགྲུབ་པའི་གླུ་ཞིག་ལེན། །

ཨ་མདོ་འབུམ་ཁང་གྲུ་བཞི་རེད། ། ཕྱི་མ་ས་རྩི་དཀར་བོ་རེད། །ནང་ཚ་ཚ་བསམ་པའི་དོན་འགྲུབ་རེད། །དོན་ཡང་ཡང་འགྲུབ་པའི་གླུ་ཞིག་ལེན། །

(3)  རྟ་འདོ་བའི་ཕ་ས་འབྲོག་ན་ཡོད། ། ཤིང་གསོམ་པའི་སྒ་ཆ་རོང་ན་ཡོད།། རྟ་ཞོན་པའི་བསོད་ནམས་བོད་ལ་ཡོད། །  མཇོ་ཁྱུང་དཀར་ཕ་ས་འབྲོག་ན་ཡོད། ། ཤིང་དྲ་མའི་སྣ་གཅུ་རོང་ན་ཡོད། ། ཁལ་འགེལ་བའི་བསོད་ནམས་བོད་ལ་ཡོད། ། འབྲི་ཐུལ་མའི་ཕ་ས་འབྲོག་ན་ཡོད། ། ཤིང་གསོམ་པའི་བཞོ་ཟེའུ་རོང་ན་ཡོད། ། འོ་བཞོ་བའི་བསོད་ནམས་བོད་ལ་ཡོད། །

(4)  སེང་གེ་གངས་དཀར་དཀྱིལ་ན་ཡོད། ། གཡུ་རལ་རང་གི་ཕྲག་ན་ཡོད། ། སེང་ཕྲུག་མང་བོས་བསྐོར་ནས་ཡོད། །སེ ང་དཀར་མོའི་བསོད་ནམས་རང་འགྲུབ་རེད། །

སྟག་དམར་ཡག་རྒྱ་རྫོང་ནགས་ན་ཡོད། ། སྟག་འཛུམ་ཕྲུག་རང་གི་ལུས་ན་ཡོད། ། སྟག་ཕྲུག་རང་གི་མཐའ་ན་ཡོད། ། སྟག་ཕྲུག་མང་བོས་བསྐོར་ནས་ཡོད། །སྟག་དར་མའི་བསོད་ནམས་རང་འགྲུབ་རེད། །

དྲིན་ཆེན་ཕ་མ་ཡུལ་ན་བཞུགས། ། བུ་ཕྲུག་རང་གི་མཆན་ན་ཡོད། ། བུ་ཚ་མང་བོས་ བསྐོར་ནས་ཡོད། །དྲིན་ཕ་མའི་བསོད་ནམས་རང་འགྲུབ་རེད།

(5) སྨད་ཕ་རོལ་རི་འདི་གསེར་གྱི་རི། ། སྨད་ཚུར་རོལ་རི་འདི་དངུལ་གྱི་རི། ། གསེར་དངུལ་གཉིས་ཀ་འཛོམས་ས་ནས། ། སྟོད་ལྷ་སའི་ཇོ་བོར་ཞལ་གསེར་འབུལ། །

སྨད་ཕ་རོལ་རི་འདི་གོས་ཀྱི་རི། ། སྨད་ཚུར་རོལ་རི་འདི་དར་གྱི་རི། །  དར་གོས་གཉིས་ཀ་འཛོམས་ས་ནས། ། སྟོད་ལྷ་སའི་ཇོ་བོར་ན་བཟའ་འབུལ། །

སྨད་ཕ་རོལ་རི་འདི་གྲོ་ཡི་རི། ། སྨད་ཚུར་རོལ་རི་འདི་ནས་ཀྱི་རི། ། གྲོ་ནས་གཉིས་ཀ་འཛོམས་ས་ནས། ། སྟོད་ལྷ་སའི་ཇོ་བོར་མཎྟལ་འབུལ། །

(6) གཞུ་ཡ་འཁྱོག་ཤྭ་རྭ་དཀར་བོ་རེད། ། གཞུ་མ་འཁྱོག་འབྲོང་རྭ་སྨུག་པོ་རེད། །  གཞུ་ཐིག་ཟངས་སྐུད་ཕྲ་མོ་རེད། ། གཞུ་ཏིང་སྒྲ་གྲགས་ན་ཉམས་རེ་དགའ། །

གྲལ་མགོ་བསྐོར་ནས་ཕ་ཁུ་རེད། ། གྲལ་རྔ་བསྐོར་ནས་མ་སྲུ་རེད། །  གྲལ་སྐེད་གོར་མོ་ན་ཟླ་རེད། ། གླུ་རྩེད་རིག་བླངས་ན་ཉམས་རེ་དགའ། །

 

༣.སྨྲེང་གླུའི་སྐོར།

(1) དམྱལ་བའི་འཕྲང་ལམ་གོང་མ་ན། །གསལ་བོ་ཀི་ཞིག་འདེབས་ནི་མེད། །  གསལ་བོ་ཀི་ཞིག་འདེབས་ནོ་འདི། ། དབུས་གཙང་བླ་མའི་ཆོས་དུང་རེད། །

དམྱལ་བའི་འཕྲང་ལམ་བར་མ་ནས། །ཞིམ་པོ་ཟས་ཤིག་ཟོས་ནི་མེད། ། ཞིམ་པོ་ཟས་ཤིག་ཟོས་ནོ་འདི། །སྔས་མགོ་བླ་མའི་ཚ་གསུར་རེད། །

དམྱལ་བའི་འཕྲང་ལམ་ཞོལ་མ་ནས། །དལ་མོ་ཆར་ཞིག་བབས་ནི་མེད། ། དལ་མོ་ཆར་ཞིག་འབབ་ནོ་འདི། །དྲིན་ཆེན་ཕ་མས་མིག་ཆུ་རེད། །

(2) འབྲོང་གི་འབྲོང་ལུང་གོང་མ་ནས། །འབྲོང་ཕ་འཛོམས་མ་འཛོམས་བཤར་ནས་ཐལ། །ང་འབྲོང་ཕྲུག་མ་མེད་གཞུག་ན་ཡོད། །མགོ་གཡུ་རལ་ལྡེམ་མེ་སྙིང་རེ་རྗེ། །

རྐྱང་གི་རྐྱང་ལུང་གོང་མ་ནས། ། རྐྱང་ཕ་འཛོམས་མ་འཛོམས་འདུར་ནས་ཐལ། །ང་མ་མེད་རྐྱང་ཕྲུག་གཞུག་ན་ཡོད། །མགོ་རྫོག་ཆུང་ལྡེམ་མེ་སྙིང་རེ་རྗེ། །

དེ་རིང་ཁྲོམ་པའི་ད་ཁུག་ན། ། ན་ཟླ་ཕ་འཛོམས་མ་འཇོམས་རེད། ། ང་མ་མེད་བུ་མོ་མཐའ་ན་ཡོད་ཡོད། ། ངོ་ཐང་ང་ལྷུང་ངེ་སྙིང་རེ་རྗེ། །

(3) སྤང་མེ་ལོང་ཁུག་གི་རྐྱང་ཕྲུག་ང་། ། རྐྱང་མ་ལོ་ཉག་ཕྲན་མདའ་ཡིས་བསད། ། འཕྲས་ཡ་དས་བརྒྱབ་ཅིང་མ་དས་བརྒྱབ། ། རྐྱང་ཁ་དཀར་ཐོགས་པ་དེའི་དོན་ཡིན། །

རྫ་རོག་པོ་ཁུག་གི་འབྲོང་ཕྲུག་ང་། །འབྲོང་མ་ལོ་གཟར་མོ་རྦབ་ཀྱིས་བསད། ། རྭས་ཡ་དས་གཡུག་ཅིང་མ་དས་གཡུག ། འབྲོང་རུ་དམར་ཐོགས་པ་དེའི་དོན་ཡིན། །

སྤུན་ན་ཟླའི་གྲལ་གྱི་དྭ་ཕྲུག་ང་། ། དྲིན་མ་ལོ་མི་རྟག་འཆི་བས་ཁྱེར།།   ཁྱིམ་ཨ་ཁུས་སྡིགས་ཤིང་ཕུ་ནུས་བཀར། །ང་དྭ་ཕྲུག་ཐོགས་པ་དེའི་དོན་ཡིན། །

(4) འཛམ་གླིང་ཉི་མའི་དྲོད་ཁོལ་འདི། ། གྲང་དུས་མ་གཏོགས་མ་ཤེས་ཐལ། ། གྲངདུས་ཉི་མ་གང་ན་ཡོད། །

སྦྲང་དཀར་རྩམ་པའི་ཞིམ་ཤ་འདི། ། ལྟོགས་དུས་མ་གཏོགས་མ་ཤེས་ཐལ། །  ལྟོགས་དུས་རྩམ་པ་གང་ན་ཡོད། །

དྲིན་ཆེན་ཕ་མའི་དྲིན་ལན་འདི། ། ལོ་རྒས་དུས་མ་གཏོགས་མ་ཤེས་ཐལ། ། ལོ་རྒས་དུས་ཕ་མ་གང་ན་ཡོད། །

(5) ངས་གྲལ་མགོ་བསྐོར་ར་གོས་གདན་བཏིང་། ། གོས་རི་མོ་ཅན་གྱི་གདན་སྟེང་ན། ། མགོ་གསེར་ཞྭ་ཅན་གྱི་བླ་མ་བཞུགས། ། ཚེ་འདི་ཕྱི་མཁྱེན་པའི་སྨོན་ལམ་འདེབས། །

གྲལ་སྐེད་བསྐོར་ར་ཕྲུག་གདན་བཏིང་། ། ཕྲུག་ཐིག་ལེ་ཅན་གྱི་གདན་ཐོག་ན། ། སྐེད་གྲི་ཆུང་ཅན་གྱི་ན་ཟླ་བཞུགས། །  དགྲ་སྙིང་སྟོབས་རྒྱས་པའི་སྨོན་ལམ་འདེབས། །

གྲལ་རྔ་བསྐོར་ར་བལ་གདན་བཏིང། ། བལ་ཁ་ཆུ་ཅན་གྱི་གདན་སྟེང་ན། །རྒྱབ་དུང་རལ་ཅན་གྱི་མ་སྲུ་བཞུགས། ། ལག་ལས་ཀ་འཛོམས་པའི་སྨོན་ལམ་འདེབས། །

 

༤དྲིས་གླུའི་སྐོར།

དྲི་བ། སྲིད་པའི་བ་ཆུང་བཤའ་དུས་ཀི ། བཤའ་མི་ཉན་ཟེར་ནི་ལྷ་གསུམ་ཡོད། ། ངས་མ་ཤེས་གླུ་བར་དྲིས་ནི་ཡིན། །

ལན། སྲིད་པའི་བ་ཆུང་བཤའ་དུས་ཀི ། བཤའ་མི་ཉན་ཟེར་ནི་ལྷ་གསུམ་ཡོད། །ལྷ་ཡི་དབང་བོ་བརྒྱ་བྱིན་གཅིག །  ལྷ་ཆེན་ཚངས་པ་དཀར་བོ་གཉིས། ། ཨ་ནེ་གོང་སྨན་རྒྱལ་

མོ་གསུམ། ། བཤའ་མི་ཉན་ཟེར་ནོ་ཀན་གསུམ་ཡིན། །

དྲི་བ་། དང་པོ་སྲིད་པ་ཆགས་དུས་ཀི ། གོས་གཅིག་གི་རྒྱལ་ཁམས་ཁེབས་པ་རེད། ། གོས་དེ་ཡི་མིང་ལ་ཅི་ཞིག་ཟེར། ། ངས་མ་ཤེས་གླུ་བར་དྲིས་ནི་ཡིན། །

ལན། དང་པོ་སྲིད་པ་ཆགས་དུས་ཀི ། གོས་གཅིག་གི་རྒྱལ་ཁམས་ཁེབས་པ་དེ། །དགུང་འཛམ་གླིང་ཉི་མ་སེར་བོ་རེད། །

དྲི་བ། དང་པོ་སྲིད་པ་ཆགས་དུས་ཀི །  ཟས་གཅིག་གི་སེམས་ཅན་སོས་པ་རེད།ཟས་དེ་ཡི་མིང་ལ་ཅི་ཞིག་ཟེར། །ངས་མ་ཤེས་གླུ་བར་དྲིས་ནི་ཡིན། །

ལན། དང་པོ་སྲིད་པ་ཆགས་དུས་ཀི ། ཟས་གཅིག་གི་སེམས་ཅན་སོས་པ་དེ། །ཟས་ཞིམ་པོ་སྦྲང་དཀར་རྩམ་པ་རེད། །

དྲི་བ།  སྲིད་པ་རྒད་པོ་སྐྱེས་པའི་རིང་། ། ཕྱིང་ཞྭ་དཀར་པོ་མགོ་ལ་གྱོན། ། ཞྭ་དཀར་པོ་གྱོན་མཁན་སུ་ཡིན་ཤོད། ། སྲིད་པ་རྒད་པོ་སྐྱེས་པའི་རིང་། ། གོས་ལྭ་སྔོན་མོ་ལུས་ལ་

གྱོན། ། གོས་སྔོན་པོ་གྱོན་མཁན་སུ་ཡིན་ཤོད། ། སྲིད་པ་རྒད་པོ་སྐྱེས་པའི་རིང་། ། ཁོག་ལ་རྒྱུ་མ་ཁྲ་ཁྲ་འཁྱིལ། ། རྒྱུ་མ་ཁྲ་ཁྲ་ཅན་པོ་སུ་ཡིན་ཤོད། །

ལན།  སྲིད་པ་རྒད་པོ་སྐྱེས་པའི་རིང་། ། ཕྱིང་ཞྭ་དཀར་པོ་མགོ་ལ་གྱོན། ། ཞྭ་དཀར་པོ་གྱོན་རི་བོ་རེད། །མགོར་ཁ་བ་བབས་ན་དཀར་བོ་རེད། །

སྲིད་པ་རྒད་པོ་སྐྱེས་པའི་རིང་། ། གོས་ལྭ་སྔོན་པོ་ལུས་ལ་གྱོན། ། རྩྭ་རྩི་ཏོག་སྐྱེས་ན་སྔོན་པོ་རེད། །སྲིད་པ་རྒད་པོ་སྐྱེས་པའི་རིང་། ། ཁོག་ལ་རྒྱུ་མ་ཁྲ་ཁྲ་འཁྱིལ། ། རྒྱུ་ཁྲ་ཁྲ་ཅན་པོ་རི་བོ་རེད། ། སྦྲུལ་ཁོག་ནས་འཁྱིལ་ན་ཁྲ་ཁྲ་རེད། །

དྲི་བ།  སྲིད་པ་རྒད་པོ་སྐྱེས་པའི་རིང་། ། ཁོག་སྟོད་གོས་ལྭ་སེར་བོ་ཅན། ། གོས་སེར་བོ་གྱོན་མཁན་སུ་ཡིན་ཤོད། །སྲིད་པ་རྒད་པོ་སྐྱེས་པའི་རིང་། ། ཁོག་སྨད་གོས་ལྭ་ནག་པོ་ཅན། ། གོས་ནག་པོ་གྱོན་མཁན་སུ་ཡིན་ཤོད། །

ལན། སྲིད་པ་རྒད་པོ་སྐྱེས་པའི་རིང་། ། ཁོག་སྟོད་གོས་ལྭ་སེར་བོ་ཅན། ། གོས་སེར་བོ་གྱོན་མཁན་སྦྲང་མ་རེད། ། སྦྲང་མའི་ཁོག་སྟོད་སེར་བོ་རེད། ། སྲིད་པ་རྒད་པོ་སྐྱེས་པའི་རིང་། ། ཁོག་སྨད་གོས་ལྭ་ནག་པོ་ཅན། ། གོས་ནག་པོ་གྱོན་མཁན་སྦྲང་མ་རེད། ། སྦྲང་མའི་ཁོག་སྨད་ནག་པོ་རེད། །

 

༥.ཁ་མཚར་གྱི་སྐོར།

(1) བྱ་ངང་བ་སེར་བོ་མཚོ་ནས་གྲགས། ། ངང་བ་ཟེར་བ་བྱ་མིང་རེད། །  སེར་བོ་ཟེར་བ་གོས་མིང་རེད།།      ཕ་བླ་མའི་ཆོས་གོས་སེར་བོ་རེད། །

ཕོ་རོག་ནག་ཆུང་སྒང་ནས་གྲགས། ། ཕོ་རོག་ཟེར་བ་བྱ་མིང་རེད། ། ནག་པོ་ཟེར་བ་གོས་མིང་རེད། ། ཡབ་དཔོན་པོའི་གོས་ཆེན་ནག་པོ་རེད། །

སྐྱ་ཀ་ཁྲ་མོ་ནགས་ནས་གྲགས། ། སྐྱ་ཀ་ཟེར་བ་བྱ་མིང་རེད། །  ཁྲ་མོ་ཟེར་བ་གར་ཆ་རེད།།       མ་བུ་མོའི་འདོགས་ཆ་ཁྲ་མོ་རེད། །

(2) དཔྱིད་ཟླ་གསུམ་གྱི་དང་བོ་ལ། །   སྔོ་རྩེ་དམར་མིག་གིས་རིག་དུས་སུ། །  ལུག་ཚེར་མོའི་བལ་ཁ་འཇམ་དུས་རེད། ། འབའ་ལག་མོའི་སྣང་བ་སྐྱིད་དུས་རེད། །

དབྱར་ཟླ་གསུམ་གྱི་དང་བོ་ལ།།    འབྲི་ཐུལ་མའི་ནུ་ཁ་ཡག་དུས་རེད། །   བཞོས་དང་ན་འོ་མ་མང་དུས་རེད།།    མ་བུ་མོའི་སྣང་བ་སྐྱིད་དུས་རེད། །

སྟོན་ཟླ་གསུམ་གྱི་དང་བོ་ལ།།      རྟ་གྲོ་རིས་དྲུག་ཁ་མཐོ་དུས་རེད། །   བྱོན་དང་ན་བྱང་ལམ་ཆོད་དུས་རེད། །  བུ་གཞོན་ནུའི་སྣང་བ་སྐྱིད་དུས་རེད། །

(3) རང་སྤུན་ཟླ་གཉི་ག་འགྲོགས་ལ་རྩེ། །རྩེ་གངས་དཀར་མགོ་ལ་དར་ལྕོག་འཛུགས། །གངས་ཁ་བ་ཅན་གྱི་ཡུལ་ཁམས་འདིར། ། ལས་དབང་ཐང་དར་བའི་རྟེན་འབྲེལ་སྒྲིག །

རང་སྤུན་ཟླ་གཉི་ག་འགྲོགས་ལ་རྩེ། ། སྟོད་ཁིས་ཆེན་བར་ལ་ལབ་ཙེ་བསྟོད། །  གངས་ཁ་བ་ཅན་གྱི་ཡུལ་ཁམས་འདིར། །ཕྱུག་དཔལ་འབྱོར་རྒྱས་པའི་རྟེན་འབྲེལ་སྒྲིག །

རང་སྤུན་ཟླ་གཉི་ག་འགྲོགས་ལ་རྩེ། །ཆབ་ཆུ་བོའི་གཞུང་ལ་ཟམ་ཞིག་འཕེན། །གངས་ཁ་བ་ཅན་གྱི་ཡུལ་ཕྱོགས་འདིར། །དོན་བསམ་བཞིན་གྲུབ་པའི་རྟེན་འབྲེལ་སྒྲིག །

 

༦.གླུ་ཤགས་ཀྱི་སྐོར།

( 1) འབྲུག་ཕོ་ཆུང་ཆར་བ་ཆེ་རབས་ཡོད། །ཆར་འབབ་རྒྱུ་ཡིན་ན་བོབས་ལ་ཐོངས། ། འབྲུག་གྲག་རྒྱུ་མང་ན་སྡུག་ཅིག་རེད། །

རྟ་འདོ་བ་གོམ་པ་བཟང་རབས་ཡོད། །ཁྱོད་རྒྱུག་རྒྱུ་ཡིན་ན་རྒྱུགས་ལ་ཐོངས། །གློ་འཐེན་གིན་བསྡད་ན་ན་ཟུག་རེད། །

ཁྱོད་གླུ་བ་ཤགས་ལ་མཁས་རབས་ཡོད། །ཤགས་ལེན་རྒྱུ་ཡིན་ན་ལེན་གིན་སྡོད། །  ཁ་ གདངས་ཀིན་བསྡད་ན་སྡུག་ཅིག་རེད། །

(2) གངས་རྩེ་གསུམ་ཡ་བདག་སེང་གེའི་བུ། །གངས་དཀར་བོ་འཛིན་ལ་རང་དབང་ཐོབ། །རྐང་སྡེར་བཞི་ལས་ལ་མ་བརྩོན་ཏེ། །མགོ་གཡུ་རལ་རང་སྐྱེས་རང་འགྲུབ་རེད། །

སྤྲིན་དཀར་མོའི་ཡ་བདག་གཡུ་འབྲུག་བུ། །དབྱིངས་བར་སྣང་འཛིན་ལ་རང་དབང་ཐོབ། །སྐད་ངར་སྒྲས་ལས་ལ་མ་བརྩོན་ཏེ། །ལག་ནོར་བུ་རང་སྐྱེས་རང་གྲུབ་རེད། །

སྟོད་རི་ཆེན་ཡ་བདག་ཁྱུང་གི་བུ། །རི་རྩེ་གསུམ་འཛིན་ལ་རང་དབང་ཐོབ། །གཤོག་དར་མའི་ལས་ལ་མ་བརྩོན་ཏེ། །དབུ་ནོར་བུ་རང་སྐྱེས་རང་འགྲུབ་རེད། །

(3) སྟོད་གངས་རིའི་རྩེ་ལ་འགྲོ་དུས་སུ། །གཅན་གཟན་རྒྱལ་བོ་སེང་གེའི་བུ། །  སེང་གེ་བུ་ལ་རྒས་་རྒྱུ་མེད། །རྒས་རུང་གཡུ་རལ་ནོག་རྒྱུ་མེད། །

སྨད་རྒྱ་རྫོང་ནགས་ལ་འགྲོ་དུས་སུ། །སྡེར་བཞི་རྒྱལ་བོ་དམར་ཡག་སྟག།  སྟག་དམར་ཡག་བུ་ལ་རྒས་རྒྱུ་མེད། །རྒས་རུང་ཐིག་ལེ་ཉམས་རྒྱུ་མེད། །

ནང་ཁྲོམ་པའི་གྲལ་ལ་འགྲོ་དུས་སུ། །གླུ་བ་ཁ་བདེ་སྲིད་པའི་བུ། །   སྲིད་པའི་བུ་ལ་རྒས་རྒྱུ་མེད། །རྒས་རུང་གླུ་ལ་འཆུགས་རྒྱུ་མེད། །

(4) བླ་མ་བཟང་བོ་སྐྱེས་རིང་ལ། ། ཤོག་སྐྱ་དཀར་པོ་ཆོས་ལ་བསྒྱུར། །  ནང་བན་ཆུང་ཚོགས་ན་འདོན་རྐྱང་རེད། །

ཕ་ཨ་ཁུ་བཟང་བོ་སྐྱེས་རིང་ལ། ། འབྲོང་རྭ་སྨུག་པོ་གཞུ་ལ་བཀུག། སྟག་ཤར་ ཚོགས་ན་འཐེན་རྐྱང་རེད། །

མ་སྲུ་མོ་བཟང་བོ་སྐྱེས་རིང་ལ། ། ནས་འབྲུ་སྔོན་མོ་ཆང་ལ་བསྒྱུར། ། ནང་ན་བཟླ་ཚོགས་ན་འཐུང་རྐྱང་རེད། །

 

༧.ལ་གཞས།

ལ་གཞས་སམ་རི་གླུ་འདི་རང་ཡུལ་དུའང་དར་ཁྱབ་ཆེ་ལ། དེ་ནི་གླུ་དང་འདྲ་བར་སྙན་མོ་ངག་གི་འགྱུར་ཁུགས་ལས་སེམས་ཀྱི་བརྩེ་དུང་མཚོན་པར་བྱེད་པའི་གླུ་གཞས་ཀྱི་རིགས་ཤིག་ཡིན་ལ། གཞོན་ནུ་ཕོ་མོའི་སེམས་ཀྱི་བརྩེ་དུང་མཚོན་བྱེད་ཅིག་ཀྱང་ཡིན་པས། མི་མང་འདུ་སའམ་རི་མགོ་ནས་ལེན་པ་མང་། ཉེ་འབྲེལ་འཛོམས་ས་དང་། ཕ་མ་དང་མིང་སྲིང་གི་གོ་ས་ནས་ལེན་སྲོལ་མེད།

ལ་གཞས་ལ་དབྱེ་ན། རྩེ་འགོ་ལེན་པའི་སྐོར་དང་། རོགས་མཐུན་པའི་སྐོར།མནའ་བསྐྱལ་བའི་སྐོར། རོགས་དྲན་པའི་སྐོར།  སྨྲེང་འཐེན་གྱི་སྐོར། འགལ་བའི་སྐོར།རོགས་རྩོད་པའི་སྐོར། བདེ་མོ་འཇོག་པའི་སྐོར་སོགས་ཀྱི་ནང་དོན་ཧ་ཅང་མང་པོ་ཡོད།

རྩེ་འགོ་ལེན་པའི་སྐོར། དཔེར་ན།

རི་ཆུང་ཆུང་བུམ་པ་འདྲ་བོ། ། རྒོད་ཐང་དཀར་བབས་ན་ཨེ་ཆོག ། རྒོད་ཐང་དཀར་བབས་བཏང་ཆོག་ན། ། ཞེ་བསམ་པས་འབབ་འདོད་ང་ཡོད། །

རོགས་ཆུང་ཆུང་མེ་ཏོག་འདྲ་བོ། ། ཕོ་ང་ཚོ་རྩེ་ན་ཨེ་ཆོག། ཕོ་ང་ཚོ་རྩེ་ན་ཆོག་ན། །ཞེ་བསམ་པས་རྩེ་འདོད་ང་ཡོད། །

མཐུན་པའི་སྐོར། དཔེར་ན།

རྟ་དཀར་དཀར་སྙིང་ལ་རྗེ་བོ། །ཁྱེད་ངེས་ངེས་རྒྱུག་རྒྱུ་ཨེ་ཡིན། །ཁྱོད་ངེས་ངེས་རྒྱུག་རྒྱུ་ཡིན་ན། །སྒ་ཉི་མ་འདྲ་གཟིག་གཏོད་ལ། །གློ་ཉི་ཐིག་འདྲ་གཟིག་སྡོམས་དང་། །ཐང་ཆེན་པོ་ཟེར་ན་ལབ་ཡིན། །ལམ་སྐྱ་མོའི་སྣ་ནས་ང་འདུག །

རོགས་ཆུང་ལོ་སྙིང་ལ་རྗེ་བོ། །ཁྱོད་ངེས་ངེས་རྩེ་རྒྱུ་ཨེ་ཡིན། །ཁྱོད་ངེས་ངེས་རྩེ་རྒྱུ་ཡིན་ན། །ཁྱོས་མི་བརྗིད་ཚིག་གསུམ་ཤོད་ལ། །ཁྱོས་མི་འགལ་མནའ་ཞིག་སྐྱོལ་དང་། ། ཚེ་ཕྱི་མ་ཟེར་ན་ལབ་ཡིན། །ཚེ་འདི་ཡི་སྐྱ་ཡ་ཉན་ན། །

སྨྲིང་བའི་སྐོར།  དཔེར་ན།

མཛོ་མང་རུང་འདང་ཆེན་གཅིག་ཡོད། །མཛོ་ཁྲ་ཁྲ་གྭ་ལོ་འདང་ཆེ། །འདང་ཆེ་རུང་ཁལ་ཞིག་མ་བཀལ། །ངས་མ་བཀལ་སེམས་ན་སྡུག་ཡོད། །སྡུག་ཡོད་རུང་རྡོ་ཡིས་ཆེ་རྒྱག །

རོགས་མང་རུང་འདང་ཆེན་གཅིག་ཡོད། །ལོ་བཅོ་ལྔའི་རོགས་ལོ་འདང་ཆེ། །འདང་ཆེ་རུང་རྔ་མ་མ་བསྐྱངས། །མ་བསྐྱངས་སེམས་ན་སྡུག་ཡོད། །སྡུག་ཡོད་རུང་སྡུག་ནི་ཆེ་བཤད། །

 

༨.བཀྲ་ཤིས་ཞུ་བའི་སྐོར།

(1) བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག ། བཀྲ་ཤིས་དགུང་སྔོན་གནམ་ལ་འཇོག ། དགུང་ཉི་ཟླ་འཇོམས་པའི་བཀྲ་ཤིས་འཇོག །

བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག ། བཀྲ་ཤིས་དོག་མོ་ས་ལ་འཇོག ། རྩྭ་རྩི་ཏོག་རྒྱས་པའི་བཀྲ་ཤིས་འཇོག །

བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག ། བཀྲ་ཤིས་གནས་ཁང་ཁྱིམ་ལ་འཇོག ། ཁྱིམ་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་འཇོག །

(2) ཁིས་གོང་མའི་ནང་ནས་ཉི་མ་ཤར། །   དགུང་ཉི་མའི་འོད་ལ་རྟ་བརྒྱ་འཁོར། ། རྟ་སྟོང་ཁར་འབུད་པའི་བཀྲ་ཤིས་འཇོག །

ཁིས་བར་མའི་ནང་ནས་ཟླ་བ་ཤར། །ཟླ་བའི་འོད་ལ་མཇོ་བརྒྱ་འཁོར། ། མཇོ་ཁྲི་ཁར་འབུད་པའི་བཀྲ་ཤིས་འཇོག །

ཁིས་ཞོལ་མའི་ནང་ནས་སྐར་ཚོགས་ཤར། །དགུང་སྐར་ཚོགས་འོད་ལ་ལུག་བརྒྱ་འཁོར། ། ལུག་ཁྲི་ཁར་འབུད་པའི་བཀྲ་ཤིས་འཇོག །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།