དཔེ་ཀློག་དང་བསམ་གཞིགས།

གསར་རྙིང་དང་རང་གཞན་གྱི་དཔེ་དེབ་མང་བོ་འདོད་ཧམ་གྱིས་བཀླགས་ནས་རང་ཉིད་ལ་ཤེས་ཡོན་གང་ཞིག་གི་བློ་སྐྱེད་འབྱུང་མིན་ལ་བརྩོན་པའི་མི་ཞིག་ལ་མཚོན་ནས་བཤད་ན། འདྲ་མིན་གྱི་དཔེ་དེབ་བཀླག་རྒྱུ་ནི་ཆེས་གལ་ཆེ་བ་ཞིག་ཏུ་འདོད།དེའི་ཕྱིར། ངས་བོད་ཁམས་དང་ཡང་ན། རྒྱལ་ཕྱི་ནང་གི་དཔེ་ཆ་སྟེ།རང་ཉིད་ཀྱི་ལག་ཏུ་འོངས་པ་མང་བོ་ཞིག་བཀླགས་མྱོང༌། དེ་དག་གི་ཁྲོད་ནས་དཔེ་དེབ་ལ་ལས་ང་ལ་བརྗེད་དུ་ཕངས་ཤིང༌། རིན་ཐང་བྲལ་བའི་བསམ་བློའི་བདོག་པ་མང་བོ་ཞིག་བསྩལ་མྱོང་ལ། ལ་ལས་ང་ལ་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་བཀོད་སྒྲིག་བྱས་མྱོང༌། དེ་ལྟ་བུའི་བསམ་གཞིག་གི་ཁྲོད་ནས་ད་བཟོད་ངས་རང་ཉིད་ཀྱི་བསམ་བློའི་ནུས་པ་བཙོ་སྦྱངས་བྱས་པ་ཡིན། སྔོན་རབས་མཁས་པའི་ཁྲོད་ན་ཚུགས་ཐུབ་ཀྱི་བསམ་བློ་བ་ཞིག་ཏུ་འགྱུར་དགོས་ན་གཞན་པའི་བརྩམས་ཆོས་ལ་བལྟ་རྒྱུ་དེ་བཞག་ནས། རང་ཉིད་ཀྱིས་རྩེ་གཅིག་གིས་བསམ་གཞིག་གཏོང་དགོས་པར་བཞེད་མཁན་ཡང་ཡོད་ཚོད་འདུག་མོད། ང་ནི་དེ་ལྟ་མ་ཡིན་པར་གཞན་གྱི་བརྩམས་ཆོས་ལས་རང་ཉིད་ལ་བྲོ་ཁ་སྒྲིག་མཁན་ཞིག་ཡིན།གཞན་ཡང་མི་ལ་ལ་ནི་ཚེ་གང་བོར་རམ་ཡང་ན་དཔེ་ཆའི་འགྲམ་དུ་བཙུགས་པ་ལྟར་དཔེ་ཆ་ལ“ཅེར”བའི་གཏམ་རྒྱུད་འཆད་རྒྱུ་ཡོད་ཀྱང༌། ང་ནི་དེ་ལྟར་མ་ཡིན་པར་བལྟ་འདོད་ཡོད་དུས་ད་བཟོད་དཔེ་ཆ་རེ་བླངས་ནས་ལྟ་མཁན་ཞིག་ཡིན། ཡང་གཅིག་བཤད་ན་རྒྱུ་རྐྱེན་དེ་ཙམ་གྱི་དབང་གིས་ད་བཟོད་ངའི་དཔེ་ཀློག་གམ། ཤེས་ཡོན་གྱིས་བདག་གི་འདོད་བློ་སྐོང་མ་ཐུབ་པའང་ཡིན་ན་ཐང་མོད། གང་ལྟར་ངས་རང་ཉིད་ཀྱི་དཔེ་ཆར་ལྟ་སྟངས་དེ་སྒྱུར་མི་སྲིད། གལ་ཏེ་སྒྱུར་དགོས་པའི་དབང་དུ་བཏང་ནའང་སྒྱུར་མི་ཐུབ་པའང་སྲིད་ངེས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།